Social Icons


FOLK SONGS OF BHUTAN


Copyright and Acknowledgment Notice


The folk songs featured in this blog are published by the Centre for Bhutan Studies (2017). 

I have copied them exactly as they appear in the original publication, without any modifications to the wording or structure. 

This blog does not claim any ownership over the content. The purpose of sharing these songs is solely to make them more accessible to the public and to contribute to the preservation of Bhutanese cultural heritage. Full credit is given to the Centre for Bhutan Studies and the original contributors. 

If there are any concerns regarding attribution or the use of this content, please contact me for necessary corrections or removal.


Original cover of the Song Book


དགོན་པ་གསེར་ལས་གྲུབ་པ།

དགོན་པ་གསེར་ལས་གྲུབ་པའི་དཔོན་གཡོག་ཚོ། །ཉི་མ་ཤར་གྱི་ཕྱོགས་སུ་མི་བྱོན་ག། 

ཁྲི་གདུགས་ཉི་མ་འདྲ་བའི་རྟ་པོ་ལ། །ཞོ་ཤིལ་ཟླ་བ་འདྲ་བའི་སྒ་སྲབ་སྒྲོན། 

།སྐར་མ་སྨིན་དྲུག་མང་པོ་སོ་སོར་དགལ། །མ་རིག་མུན་པ་སེལ་བར་མི་བྱོན་ག །

ཕོ་ཤིང་སྟག་པ་འདྲ་བའི་རྟ་པོ་ལ། །མོ་ཤིང་གླང་མ་འདྲ་བའི་སྒ་སྲབ་སྒྲོན། །

ཤིང་ལ་ཤིང་ཆེན་མང་པོ་སོ་སོར་དགལ། །ཀ་བཞི་གདུང་བརྒྱད་བཙུགས་པར་མི་བྱོན་ག །

གཡས་རི་གཙང་ཆུ་འདྲ་བའི་རྟ་པོ་ལ། །དཀྱིལ་ཆུ་སྔོན་མོ་འདྲ་བའི་སྒ་སྲབ་སྒྲོན། །

ཆུ་ལ་ཆུ་ཆེན་མང་པོ་སོ་སོར་དགལ། །དངུལ་གྱི་བུམ་ཆུ་འདེགས་པར་མི་བྱོན་ག །


ཆོས་ཀྱི་རྩ་བ་མི་བཙུགས། 

ཆོས་ཀྱི་རྩ་བ་མི་བཙུགས། །ཆོས་ཀྱི་རྩ་བ་བཙུགས་ན། །

ཆོས་འཁོར་ལྷ་ས་བཙུགས་པ་ཙམ་ཅིག་ཡ། །ཇོ་བོ་ཤཱཀྱ་མུ་ནི། །

ཆོས་ལ་རབ་གནས་གནང་པ་ཙམ་ཅིག་ཡ། །ཕྱག་གཅིག་གཡས་པ་སང་སིང་། །

ཚེ་དབང་བུམ་པ་བསྣམས་པ་ཙམ་ཅིག་ཡ། །ཕྱག་གཅིག་གཡོན་པ་སང་སིང་། །

དངུལ་དཀར་མེ་ལོང་བསྣམས་པ་ཙམ་ཅིག་ཡ། །གཡས་གཡོན་མེད་པར་སང་སིང་། །

རྡོ་རྗེ་དྲིལ་བུ་བསྣམས་པ་ཙམ་ཅིག་ཡ། །ཞབས་བྲོ་ནང་ལ་རུ་རུ། །

ནང་གི་ནོར་བུ་འབྱུང་བ་ཙམ་ཅིག་ཡ། །ཞབས་བྲོ་ཕྱི་ལ་ཤེས་ཤེས། །

ཕྱིའི་དགྲ་རྣམས་བཏུལ་བ་ཙམ་ཅིག་ཡ། །ཞབས་བྲོ་ཕྱི་ཤེས་ནང་ཤེས། །

གདོང་ཁྲབ་ལེགས་མོ་འགྲིགས་པ་ཙམ་ཅིག་ཡ། ། 



ཡུལ་བཟང་བོད་ཀྱི་རི་ལས། 

ཡུལ་བཟང་བོད་ཀྱི་རི་ལས། །གསེར་གྱི་མཚོ་མོ་འཁྱིལ་ཡོད། །

གསེར་གྱི་མཚོ་མོའི་ནང་ལས། །གསེར་གྱི་བུམ་པ་འཁྲུངས་ཡོད། །

གསེར་གྱི་བུམ་པའི་ནང་ལས། །གསེར་གྱི་མེ་ཏོག་ཤར་ཡོད། །

མེ་ཏོག་བུམ་པ་ཆ་འདི། །ཕུལ་ས་བླ་མའི་ཕྱག་ལུ། །

བླ་མའི་ཕྱག་ལས་ཞུག་ནས། །ཕུལ་ས་མཆོད་བཤམས་ཁྲ་མོར། །

མཆོད་བཤམས་ཁྲ་མོར་ཕུལ་ནས། །ལྷ་ཡང་ཞལ་བགད་ཤོར་སོང་། །


འཁྲུངས་ལ་ཡག་ཡག 

འཁྲུངས་ལ་ཡག་ཡག །དགུང་སྟོད་བདེ་ལེགས་ཡངས་པའི་ནང་། །

འཁྲུངས་ལ་ཡག་ཡག །ཁྲི་གདུགས་ཉི་མའི་བཞུགས་ཁྲི། །

འཁྲུངས་ལ་ཡག་ཡག །གངས་སྟོད་བདེ་ལེགས་ཡངས་པའི་ནང་། །

འཁྲུངས་ལ་ཡག་ཡག །སེང་ཆེན་དཀར་མོའི་བཞུགས་ཁྲི། །

འཁྲུངས་ལ་ཡག་ཡག །སྤངས་སྟོད་བདེ་ལེགས་ཡངས་པའི་ནང་། །

འཁྲུངས་ལ་ཡག་ཡག །ཤཝ་རྒྱས་རྭ་བཅུའི་བཞུགས་ཁྲི། །

འཁྲུངས་ལ་ཡག་ཡག །ནགས་སྟོད་བདེ་ལེགས་ཡངས་པའི་ནང་། །

འཁྲུངས་ལ་ཡག་ཡག །སྟག་མོ་རི་བཀྲ་བཞུགས་ཁྲི། །འཁྲུངས་ལ་ཡག་ཡག །


ཁྲི་མཉམ་པ་མེད་པ་པདྨའི་ཁྲི།

ཁྲི་མཉམ་པ་མེད་པ་པདྨའི་ཁྲི། །པདྨའི་ཁྲིའི་སྟེང་ལས་བླ་མ་དང་ཨོ་རྒྱན་པདྨ་བཞུགས་སུ་

གསོལ། །

བདག་ལ་ༀ་ས་མ་ནི་པདྨེ་ཧཱུཾ། །ཡངས་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །

ཁྲི་མཉམ་པ་མེད་པ་དངུལ་གྱི་ཁྲི། །དངུལ་གྱི་ཁྲིའི་སྟེང་ལས། །

བླ་མ་དང་ཨོ་རྒྱན་པདྨ་བཞུགས་སུ་གསོལ། །བདག་ལ་ༀ་ས་མ་ནི་པདྨེ་ཧཱུཾ། །

ཡངས་སུ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །


གསུང་སྙན་པ་འདྲཝ་ཅིག་སྨོ། 

གསུང་སྙན་པ་འདྲཝ་ཅིག་སྨོ། །སྟེང་ཕྱོགས་ལ་འབུལ་ལོ། །

སྟེང་གི་ལྷ་དང་ལྷ་མོ། །གསུང་སྒྲ་མེད་རང་གི་ཕ་མ། །

གསུང་སྙན་པ་འདྲཝ་ཅིག་སྨོ། །ཤར་ཕྱོགས་ལ་འབུལ་ལོ། །

ཤར་ན་རྡོ་རྗེ་སེམས་དཔའ། །གསུང་སྒྲ་མེད་རང་གི་ཕ་མ། །

གསུང་སྙན་པ་འདྲཝ་ཅིག་སྨོ། །ནུབ་ཕྱོགས་ལ་འབུལ་ལོ། ། 

ནུབ་ལས་སྣང་བ་མཐའ་ཡས། །གསུང་སྒྲ་མེད་རང་གི་ཕ་མ། །

གསུང་སྙན་པ་འདྲཝ་ཅིག་སྨོ། །བྱང་ཕྱོགས་ལ་འབུལ་ལོ། །

བྱང་ལས་འདོད་ཡོན་གྲུབ་པ། །གསུང་སྒྲ་མེད་རང་གི་ཕ་མ། །

གསུང་སྙན་པ་འདྲཝ་ཅིག་སྨོ། །ལྷོ་ཕྱོགས་ལ་འབུལ་ལོ། །

ལྷོ་ན་རིན་ཆེན་འབྱུང་གནས། །གསུང་སྒྲ་མེད་རང་གི་ཕ་མ། །

གསུང་སྙན་པ་འདྲཝ་ཅིག་སྨོ། །དབུས་ཕྱོགས་ལ་འབུལ་ལོ། །

དབུས་ན་རྣམ་པར་སྣང་མཛད། །གསུང་སྒྲ་མེད་རང་གི་ཕ་མ། །


ལྷུན་གྲུབ་རྩེ་གི་རྫོང་ཆེན།

ལྷུན་གྲུབ་རྩེ་གི་རྫོང་ཆེན། །འཕུར་འགྲོ་ཆགས་པ་འདྲ་དོ། །

འཕུར་འགྲོ་ཆགས་པ་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །

ལྷུན་གྲུབ་རྩེ་གི་སྒོ་ར། །གསེར་སྒོ་དངུལ་སྒོ་འདྲ་དོ། །

གསེར་སྒོ་དངུལ་སྒོ་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །

ལྷུན་གྲུབ་བརྩེ་གི་རྡོ་གཅལ། །གཡུ་ཆུང་གྲུ་དཀར་འདྲ་དོ། །

གཡུ་ཆུང་གྲུ་དཀར་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །

ལྷུན་གྲུབ་རྩེ་གི་སྒོ་ཐེམ། །ཆོས་ཀྱི་པོ་ཏི་འདྲ་དོ། །

ཆོས་ཀྱི་པོ་ཏི་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ །

ལྷུན་གྲུབ་རྩེ་གི་གཟིམ་ཆུང་། །བཀྲ་ཤིས་སྒོ་མང་འདྲ་དོ། །

བཀྲ་ཤིས་སྒོ་མང་འདྲ་རུང་། །རྟེན་འབྲེལ་བཟང་པོ་འདུག་གོ ། 



དར་དཀར་ལ་མོའི་ལ་གཞོལ།

དར་དཀར་ལ་མོའི་ལ་གཞོལ། །གདོང་ལ་གསེར་གྱི་ན་ལས། །

མ་མཐོང་ལ་ཡིས་བཅད་དི། །ཨའུ་ས་ལེ་ཨའུ། །

དར་དཀར་ཀ་ལི་རྫིང་ཁ། །དཔལ་འཛོམས་བུ་མོའི་ཕ་ཡུལ། །

ཨའུ་ས་ལེ་ཨའུ། །

དར་དཀར་གསེར་མཚོ་གཡུ་མཚོ། །དཔལ་འཛོམས་བུ་མོའི་གསོལ་ཆུ། །ཨའུ་ས་ལེ་ཨའུ། །ནགས་ཀྱི་དོམ་ཅུང་ཧིང་དཀར། །དཔལ་འཛོམས་བུ་མོའི་སྒོ་ཁྱི། །ཨའུ་ས་ལེ་ཨའུ། །

ལ་ཁའི་བྱ་མདངས་དཔུང་དཀར། །དཔལ་འཛོམས་བུ་མོའི་གདང་བྱ། །ཨའུ་ས་ལེ་ཨའུ། །

ལ་ཁའི་ལྷ་ཤིང་ཤུགས་པོ། །དཔལ་འཛོམས་བུ་མོའི་གསོལ་ཤིང་། །


བཀྲ་ཤིས་ལ་སོགས་ལུང་པའི་ཕུ་ལ།

བཀྲ་ཤིས་ལ་སོགས་ལུང་པའི་ཕུ་ལ། །སྭོ་ཡ་ལ། །གསེར་གྱི་ལ་སོགས་ལྷ་ཁང་བཞེངས་ཡོད། །

གསེར་གྱི་ལ་སོགས་ལྷ་ཁང་ནང་ལ། །སྭོ་ཡ་ལ། །གསེར་གྱི་ལ་སོགས་རི་མོ་བྲིས་ཡོད། །

ཆར་པ་ལ་སོགས་ལོ་གསུམ་བབས་ཀྱང་། །སྭོ་ཡ་ལ། །རི་མོ་ལ་སོགས་ཡལ་རྒྱུ་མིན་འདུག །མིན་འདུག་ལ་སོགས་མིན་འདུག །སྭོ་ཡ་ལ། །ན་བ་ལ་སོགས་ཚ་བ་མིན་འདུག །

འདུག་གོ་ལ་སོགས་འདུག་གོ །སྭོ་ཡ་ལ། །དགའ་བ་ལ་སོགས་སྐྱིད་པ་འདུག་གོ །


ཆུ་མོ་ཤར་ཤར་མ་འགྲོ། 

ཆུ་མོ་ཤར་ཤར་མ་འགྲོ། །གཡས་རི་གཙང་ཆུ་འདྲ་དོ། །

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ། །ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས། །

གཡས་སུ་གཡས་ལ་བཞུགས་མི། །ལྷ་ལྕམ་མནྡ་ར་བ། །

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ། །ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས། །

གཡོན་དུ་གཡོན་ལ་བཞུགས་མི། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ། །ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས། །

དབུས་སུ་དབུས་ལ་བཞུགས་མི། །སློབ་དཔོན་ཨོ་རྒྱན་གུ་རུ། །

ཤིང་ཆེན་བཟང་པོ་རྟགས་ལེགས་ཀྱི་སྡོང་པོ། །ཁུ་བྱུག་སྔོན་མོ་ཡར་རླུང་གི་རྒྱང་གྲགས། ། 


ལྷ་ས་ནོར་བུའི་གླིང་ལ།

ལྷ་ས་ནོར་བུའི་གླིང་ལ། །ནོར་བུ་མིན་འདུག་མ་གསུང་། །

ཇོ་ཇོ་ཡིད་བཞིན་ནོར་བུ། །ནོར་བུ་མིན་ན་གང་ཡིན། །

ཇོ་ཤག་ཡིད་བཞིན་ནོར་བུ། །ཨ་ཕ་ཡིན་ན་དགའ་སོང་། །

སྲུང་མ་མ་གཅིག་དཔལ་ལྷ། །ཨ་མ་ཡིན་ན་སྐྱིད་སོང་། །

ང་རང་གཅིག་པུ་ཡིན་ན། །པདྨ་བཀོད་ལ་ཕྱིན་འགྲོ། །

ཕ་མ་རྒན་རྒན་བཞག་ནས། །པདྨ་བཀོད་ལ་མ་ཕྱིན། །

ཨ་མ་སྐུ་མཁྱེན་གསུང་མཁྱེན། །རྩ་རི་བསྐོར་བར་གཏང་དང་། །

རྩ་རི་བསྐོར་བའི་སྨྱུག་མ། །ཨ་མའི་ཕྱག་ལ་ཕུལ་གེ །

འགྲོ་དགོས་འགྲོ་དགོས་བསམ་པ། །རྟ་ལ་གཡེར་སྒ་རྒྱབ་ཡོད། །

དགའ་བའི་མི་དང་ཕྲད་ནས། །ཞག་གཅིག་ཞག་གཉིས་ལུས་སོང་། །


དགུང་སངས་མཐོན་པོ་ཕྱི་ལ་བཞུགས།

དགུང་སངས་མཐོན་པོ་ཕྱི་ལ་བཞུགས། །ལྕགས་རི་དང་འདྲ། །

ཁྲི་གདུགས་ཉི་མ་ནང་ལ་བཞུགས། །ནོར་བུ་དང་འདྲ། །

ཁམས་པ་ས་ཤར་གྱི་སྤོགས་ཏོ་འདྲ། །སྤོག་ཏོ་ས་ཨེར་མེད་དར་སྒོང་འདྲ། །

སྤྱི་གཙུག་ཉི་མའི་ལྡན་ལྡན་འདྲ། །ལྡན་ལྡན་ས་དབྱེར་མེད་དར་སྒོང་འདྲ། །

དཔུང་པ་སུ་རི་གསུམ་དགོན་པ་འདྲ། །ལག་པ་སུ་གསེར་གྱི་ཉག་ཐང་འདྲ། །

ཉག་ཐང་ས་ཨེར་མེད་དར་སྒོང་འདྲ། །སྤུས་མོ་སུ་ཆོས་ཀྱི་འཁོར་ལོ་འདྲ། །

འཁོར་ལོ་སུ་ཨེར་མེད་དར་སྒོང་འདྲ། ། 


བྱ་མོ་འཁོར་འདོད་མི་འཚོལ་འཁོར་འདོད་འཚོལ།

བྱ་མོ་འཁོར་འདོད་མི་འཚོལ་འཁོར་འདོད་འཚོལ། །བྱ་མོ་འཁོར་འདོད་ཅན་གཅིག་ཚང་འཚོལ་དོ། །

ཚང་གཞན་དང་གཞན་ལུ་རང་མི་འཚོལ། །ཤིང་དལ་ཤིང་སྐམ་པའི་རྩེ་ལུ་འཚོལ། །

སྒོང་རྡོ་ལྔ་གསུམ་བཅོ་ལྔ་བུད། །བྱིའི་ཆུང་བཞི་གསུམ་བཅུ་གཉིས་འཐོན། །

བྱིའུ་ཆུང་ཤོག་སྒྲོ་མ་སྦྱར༌ལས། །ཤིང་དལ་ཤིང་ར་ལས་བཅད་ཆེ་འདུག །

གདོང་ལན་གཅིག་མ་འགོར་སེམས་མ་ཚུགས། །གདོང་ལན་གཅིག་ཡར་ལྟ་འགོར་བལྟ་ཚེ། །རོགས་འཕགས་པའི་དགེ་འདུན་ཆོས་གནང་བསྡད། །བྱ་མོ་རང་ཡང་ཆོས་ཤིག་ཞུ་དགོས་པས། །བྱ་མོ་རང་ལ་སྒོམ་གཅིག་ཞུ་དགོས་པས། །རོགས་མནོ་ཅན་མི་ལུ་ཆོས་མ་གནང་། །

ཁྱེད་མནོ་མེད་བྱ་ལུ་ཆོས་མི་གནང་། །གདོང་ལན་གཅིག་མ་འགོར་སེམས་མ་ཚུགས། །

གདོང་ལན་གཅིག་མར་ལུ་འགོར་བལྟ་ཚེ། །མར་རྒྱ་ཡི་པདྨ་དཔལ་ཐང་ནང༌། །

ཟས་ཞིམ་པའི་ཕྱག་ཞ་ཚོགས་སྡོད་འདུག །བྱ་མོ་རང་ཡང་དགའ་ན་ད་དགའ་དོ། །

བྱ་མོ་རང་ཡང་སྐྱིད་ན་ད་སྐྱིད་དོ། །


ཤ་བ་གངས་ལས་བབས་ཚེ།

ཤ་བ་གངས་ལས་བབས་ཚེ། །སྐྱོ་ཞིང་སྐྱོ་ཞིང་བབས་དོ། །

ཤ་བ་སྤང་སྟོད་ལ་མས་ཀྱི་རྩེ་ལས། །ཤ་བ་ཡིད་སྐྱོ་དང་མི་སྐྱོ། །

སྤང་དཀར་ཞིང་དུ་ཚེ་གཅིག་ལ་འཛོམས་པས། །ཤ་བ་ཁོ་ཐག་ལས་ཆོད་སོང༌། །

ཤ་བ་མ་མས་གཉིས་ཀུ། །སྤང་རྩ་ཟ་བར་ལྷོད་སོང༌། །

ཤ་བ་སྤང་སྟོད་ལ་མས་ཀྱི་རྩེ་ལས། །ཤ་བ་ཡིད་སྐྱོ་དང་མི་སྐྱོ། །

སྤང་དཀར་ཞིང་དུ་ཚེ་གཅིག་ལ་འཛོམས་པས། །ཤ་བ་ཁོ་ཐག་ལས་ཆོད་སོང་། །

རི་གཅིག་ཡངས་པའི་རི་ལ། །ལོ་དང་ཟླ་བ་འགོར་སོང༌། །

ཤ་བ་སྤང་སྟོད་ལ་མས་ཀྱི་རྩེ་ལས། །ཤ་བ་ཡིད་སྐྱོ་དང་མི་སྐྱོ། །

སྤང་དཀར་ཞིང་དུ་ཚེ་གཅིག་ལ་འཛོམས་པའི། །ཤ་བ་ཁོ་ཐག་ལས་ཆོད་སོང༌། །

ལུང་པ་རྩྭ་མེད་ཆུ་མེད། །ཤ་བ་སྡོད་ཉམས་མ་སྤྲོ། །

ཤ་བ་སྤང་སྟོད་ལ་མས་ཀྱི་རྩེ་ལས། །ཤ་བ་ཡིད་སྐྱོ་དང་མི་སྐྱོ། །

སྤང་དཀར་ཞིང་དུ་ཚེ་གཅིག་ལ་འཛོམས་པས། །ཤ་བ་ཁོ་ཐག་ལས་ཆོད་སོང༌། །

ཤ་བ་ཚང་ལས་འཐོན་ཚེ། །དམ་པའི་ལྷ་ཆོས་དྲན་སོང༌། །

ཤ་བ་སྤང་སྟོད་ལ་མས་ཀྱི་རྩེ་ལས། །ཤ་བ་ཡིད་སྐྱོ་དང་མི་སྐྱོ། །

སྤང་དཀར་ཞིང་དུ་ཚེ་གཅིག་ལ་འཛོམས་པས། །ཤ་བ་ཁོ་ཐག་ལས་ཆོད་སོང་། །


བྱ་འདི་ཁྲུང་ཁྲུང་དཀར་མོ།

བྱ་འདི་ཁྲུང་ཁྲུང་དཀར་མོ། །མི་མང་གི་ཨ་རོགས། །

གཤོག་རྩལ་ང་ལ་གཡར་དང་། །བྱང་ཆུབ་ཤང་གི་པ་ཏྲ། །

ཐག་རིང་རྒྱ་ལ་མི་འགྲོ། །མི་མང་གི་ཨ་རོཊ། །

ལི་ལི་ཐང་བསྐོར་ནས་ལོག་ཡོང༌། །བྱང་ཆུབ་ཤང་གི་པ་ཏྲ། །

སྤང་གི་ལྷ་བྱ་གོང་མོ། །མི་མང་གི་ཨ་རོཊ། །

ཕ་ཡུལ་མིན་འདུག་མ་གསུང་། །བྱང་ཆུབ་ཤང་གི་པ་ཏྲ། །

རི་མགོ་མཐོ་རི་མཐོ་ཚད། །མི་མང་གི་ཨ་རོགས། །

ལྷ་བྱ་གོང་མའི་ཕ་ཡུལ། །བྱང་ཆུབ་ཤང་གི་པ་ཏྲ། །


འབྲུག་པའི་སྤུངས་ན་བདེ་ཆེན། 

འབྲུག་པའི་སྤུངས་ན་བདེ་ཆེན། །བཀྲ་ཤིས་སྒོ་མང་འདྲ་དོ། །

སྭ་ཡ་རྨ་བྱ་བུ་འཁྲི་ལེགས་སྟོད་ཆགས་པ་ལ་ཅིག་སོང་། །

མཐོ་བ་གསེར་ཏོག་བཀལ་ས། །དམའ་བ་རྒྱབ་བཞི་སྤུབས་ས། །

སྭོ་ཡ་རྨ་བྱ་བུ་འཁྲི་ལེགས་སྟོད་ཆགས་པ་ལ་ཅིག་སོང་། །

འབྲུག་པའི་ཐང་བཟོ་སྒོ་ཅུ། །དངུལ་དཀར་མེ་ལོང་འདྲ་དོ། །

སྭ་ཡ་རྨ་བྱ་བུ་འཁྲི་ལེགས་སྟོད་ཆགས་པ་ལ་ཅིག་སོང་། །

འབྲུག་པའི་སྤུངས་ན་ཟམ་པ། །གསེར་ཟམ་དངུལ་ཟམ་འདྲ་དོ། །

སྭ་ཡ་རྨ་བྱ་བུ་འཁྲི་ལེགས་སྟོད་ཆགས་པ་ལ་ཅིག་སོང་། །

འབྲུག་པ་འདར་འཕྱར་ལམ་འདི། །དར་ལམ་དཀར་ཅུང་འདྲ་དོ། །

སྭ་ཡ་རྨ་བྱ་བུ་འཁྲི་ལེགས་སྟོད་ཆགས་པ་ལ་ཅིག་སོང་། ། 


ཤར་རི་རྩེ་ནས་འབྱོན་པའི།

ཤར་རི་རྩེ་ནས་འབྱོན་པའི། །ནོར་བུ་ཆུ་ཤེལ་མེ་ཤེལ། །

འཛམ་གླིང་འོད་ཀྱིས་ཁྱབ་པ། །གླིང་བཞི་བསྐོར་བ་ལེགས་སོང་། །

སྨན་ལྗོངས་དབུས་ནས་འབྱོན་པ། །དཔལ་ལྡན་ས་ཡི་དབང་ཕྱུག །

ཆབ་སྲིད་འཁོར་ལོ་བསྒྱུར་བ། །ཞབས་པད་བརྟན་པ་ལེགས་སོང་། །

དག་པའི་ཞིང་ནས་འབྱོན་པའི། །བྱང་སེམས་མཁས་པའི་དབང་པོ། །

ཆོས་ཀྱི་བསྟེན་པ་དར་བས། །ཆོས་འཁོར་བསྐོར་བ་ལེགས་སོང་། །

ལྷ་དབང་ཡུལ་ནས་འབྱོན་པ། །བརྒྱ་བྱིན་ལྷའི་སྲས་པོ། །

སྐལ་བཟང་ཉི་མ་ཤར་བ། །གཟའ་དང་སྐར་མ་ལེགས་སོང་། །

དྲི་ཟའི་གླིང་ནས་འབྱོན་པ། །རྨད་བྱུང་ཡེ་ཤེས་མཁའ་འགྲོ། །

ཚངས་དབྱངས་ལྷ་མོར་མཉམ་པ། །གསུང་སྙན་འགྱུར་བ་ལེགས་སོང་། །

རིན་ཆེན་གླིང་ནས་འབྱོན་པ། །དེད་དཔོན་ནོར་བུ་བཟང་པོ། །

བ་མཛོད་ནོར་གྱིས་གང་བ། །རྟགས་དང་རྟེན་འབྲེལ་ལེགས་སོང་། །

ལྕ་ལོ་ཅན་ནས་འབྱོན་པ། །རྣམ་སྲས་ནོར་ལྷའི་རྒྱལ་པོ། །

གཡང་གི་དངོས་གྲུབ་ཐོབ་པ། །འདི་ན་བཞུགས་པ་ལེགས་སོང་། ། 


ནམ་མཁའ་གཡུ་ཡི་ཕོ་བྲང་། 

ནམ་མཁའ་གཡུ་ཡི་ཕོ་བྲང་། །དཀར་པོ་སྤྲིན་གྱིས་མ་འགྲིབ། །

མགྲོན་པོ་གསེར་གྱི་ཉི་མས། །གླིང་བཞི་སྐོར་ནས་ཤར་ཡོང་། །

ལྷ་ཤིང་ཙན་དན་སྡོང་པོ། །སེར་པོ་རླུང་གིས་མ་བསྐྱོད། །

སྐད་སྙན་ལྷ་བྱ་ཁུ་བྱུག །ནགས་ཚལ་འགྲིམ་ནས་བབས་འོང་། །

མཛེས་སྡུག་པདྨ་བཞིན་རས། །སད་དང་སེར་བས་མ་གནོད། །

ཡིད་འོང་གསེར་གྱི་སྦྲང་ཆུང་། །སྐྱེད་ཚལ་འགྲིམ་ནས་བབས་འོང་། །

བླ་མ་དུས་གསུམ་སངས་རྒྱས། །སྤྱི་བོའི་གཙུག་ཏུ་སྒོམ་པས། །

བྱིན་རླབས་ཐུགས་རྗེ་ཉི་མ། །ང་ཚོའི་སྙིང་ལ་ཤར་སོང་། །

ཡར་ལ་གསོལ་བ་བཏབ་པས། །མར་ལ་དངོས་གྲུབ་གནང་བྱུང་། ། 


རྒྱ་ཟ་བོད་ལ་མི་འགྲོ་། 

རྒྱ་ཟ་བོད་ལ་མི་འགྲོ་འཚེར་བ་ཡིན། །དབང་ཕྱུག་བོད་ལ་མི་འགྲོ་སྒོམ་པ་རང་བཞུགས། །

ཡབ་རྗེ་མི་དབང་རྒྱལ་པོ་བདག་ལ་གསན། །ཡབ་རྗེ་གསེར་ཁྲི་སྟེང་ལ་སྒོམ་པ་གནང་བཞུགས། །ཡུམ་ཆེན་མི་དབང་རྒྱལ་མོ་བདག་ལ་གསན། །ཡུམ་ཆེན་དངུལ་ཁྲིའི་སྟེང་ལ་སྒོམ་པ་གནང་བཞུགས། །

བུམ་རྒྱ་ཟ་བཞུགས་སའི་གཡས་ཕྱོགས་སུ། །གསེར་པོ་གསེར་གྱི་རང་ཐག་ཆ་གཅིག་ཡོད། །གནམ་ལ་ལུས་རུང་གསེར་གྱི་བརྒྱ་འཐོན་ཡིན། །གནམ་ལ་ཕྱི་རུང་གསེར་ཕྱི་སྟོང་འཐོན་ཡིན། །འདི་ཡང་ང་རང་མི་དགོས་བློན་པོར་ཕུལ། །འདི་ཡང་བོད་ཀྱི་བློན་པོའི་ཕྱག་མཇལ་འབད། ། 


གནས་ཡང་རྡོ་རྗེ་གདན་གྱི་གནས་ཕྱོགས་ན།

གནས་ཡང་རྡོ་རྗེ་གདན་གྱི་གནས་ཕྱོགས་ན། །བླ་མ་ཤཱཀྱ་ཤྲི་རི་ཆོས་གནང་དོ། །

མཁས་པ་བེ་རོ་ཙ་ན་ཆོས་ཞུ་དོ། །རང་ཡང་ཆོས་ཞུས་བསམ་ནས་མར་སོང་བས། །

ཆོས་ཀྱི་ལམ་ནི་ཚད་པས་བཅད་ནས་མེད། །ཚེ་འདིར་མཇལ་བའི་སྐལ་བ་ནེད་ན་ཡང༌། །

ཕྱི་མ་རྡོ་རྗེ་གདན་དུ་སྐྱེ་བར་ཤོག །བླ་མ་ཤཱཀྱ་ཤྲི་རི་མཇལ་བར་ཤོག །

ཆོས་ཡང་རྫོགས་པ་ཆེན་པོ་ཐོབ་པར་ཤོག །གནས་ཡང་ལྷོ་བྲག་མཁར་ཆུའི་གནས་ཕྱོགས་སུ། །བླ་མ་ནམ་མཁའི་སྙིང་པོ་ཆོས་གནང་དོ། །དགེ་སློང་འཕཊ་པའི་དགེ་འདུན་ཆོས་ཞུ་དོ། །

རང་ཡང་ཆོས་ཞུ་བསམ་ནས་ཡར་སོང་པས། །ཆོས་ཀྱི་ལམ་ནི་ཁ་བས་བཅད་ནས་མེད། །

ཚེ་འདིར་མཇལ་བའི་སྐལ་བ་མེད་ན་ཡང༌། །ཕྱི་མ་ལྷོ་བྲག་མཁར་ཆུར་སྐྱེ་བར་ཤོག །

བླ་མ་ནམ་མཁའི་སྙིང་པོ་མཇལ་བར་ཤོག །དམ་ཆོས་རྫོགས་པ་ཆེན་པོ་ཐོབ་པར་ཤོག། 

གནས་ཡང་ཟངས་མདོག་དཔལ་རིའི་གནས་ཕྱོགས་ན། །བླ་མ་ཨོ་རྒྱན་གུ་རུ་ཆོས་གནང་དོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་ཞུ་དོ། །རང་ཡང་ཆོས་ཞུ་བསམ་ནས་ཕར་སོང་པས། །

ཆོས་ཀྱི་ལམ་ནི་སྲིན་པོས་བཅད་ནས་མེད། །ཚེ་འདིར་ཐོབ་པའི་སྐལ་བ་མེད་ན་ཡང༌། །

ཕྱི་མ་བཟང་མདོག་དཔལ་རིར་སྐྱེད་བར་ཤོག །བླ་མ་ཨོ་རྒྱན་གུརུ་མཇལ་བར་ཤོག །

ཆོས་ཀྱང་རྫོགས་པ་ཆེན་པོ་ཐོབ་པར་ཤོག །


ཤར་ལས་ཤར་བའི་hི་གdགས།

ཤར་ལས་ཤར་བའི་ཁྲི་གདུགས། །ནུབ་ས་མེད་པར་སྐྱོ་སོང༌། །ནུབ་ས་མེད་པའི་ཁྲི་

གདུགས། །སྐྱོ་ཞིང་གླིང་བཞི་བསྐོར་སོང༌། །གངས་ལས་བབས་པའི་ཆུ་མོ། །འཁྱིལ་ས་མེད་

པར་སྐྱོ་སོང༌། །འཁྱིལ་ས་མེད་པའི་ཆུ་མོ། །སྐྱོ་ཞིང་རྒྱ་ཡུལ་བསྐོར་སོང༌། །ཨ་མས་སྐྱེས་པའི་

བུ་ཆུང༌། །འཁྱམས་ས་མེད་པར་སྐྱོ་སོང༌། །འཁྱམས་ས་མེད་པའི་བུ་ཆུང༌། །སྐྱོ་ཞིང་ཡུལ་

བཟང་བསྐོར་སོང༌། ། 


ས་I་ནག་ནོར་g་རི་གི་ཕར་Iབ་ན།

ས་རྒྱ་ནག་ནོར་བུ་རི་གི་ཕར་རྒྱབ་ན། །བཞེངས་པ་རྣམ་གསུམ་དགོན་བཟང་ཁྲ་མོ་

བཞེངས། །བཞུགས་པ་རྣམ་གསུམ་མཚན་ལྡན་བླ་མ་བཞུགས། །མཚན་ལྡན་བླ་མའི་ཐུགས་

ལ་སྒོམ་པ་གནང་། །བྱིན་རླབས་སྲུང་སྐུད་བསྟན་པ་དར་སེ་དར། །ས་རྒྱ་ནག་ནོར་བུ་རི་ཡི་ཕར་ རྒྱབ་ན། །བཞེངས་པ་རྣམ་གསུམ་རྫོང་ཆེན་ཁྲ་མོ་བཞེངས། །བཞུགས་པ་རྣམ་གསུམ་དབང་

ཆེན་དཔོན ་པོ་བཞུགས། །དབང་ཆེན་དཔོན་པོའི་ཐུགས་ལ་སྒོམ་པ་གནང་། །ཟས་ནོར་ལོངས་

སྤྱོད་བསྟན་པ་དར་སེ་དར། །ས་རྒྱ་ནག་ནོར་བུ་རི་ཡི་ཕར་རྒྱབ་ན། །བཞེངས་པ་རྣམ་གསུམ་

ཡུལ་བཟང་ཁྲ་མོ་བཞེངས། །བཞུགས་པ་རྣམ་གསུམ་ཡབ་ཡུམ་གཉིས་ཀུ་བཞུགས། །ཡབ་

ཡུམ་གཉིས་པོའི་ཐུགས་ལ་སྒོམ་པ་གནང་། །བུ་དང་བུ་མོའི་བསྟན ་པ་དར་སེ་དར། །


དག་པཱ་ཡུལ་བཟང་ཕྱོགས་ལ་བལྟས་ཙ་ན། 

དག་པཱ་ཡུལ་བཟང་ཕྱོགས་ལ་བལྟས་ཙ་ན། །མ་དག་མཐའ་མེད་ཕྱོགས་ལ་ཞེན་པ་ལོག །

ཤོ་ལེ་མོ་ཤོག་ཤོ་ལེ་ཡ་ཤོ་ལེ་ཤོག །ཡར་ཡར་བྱང་ཐང་པདྨའི་གྲོང་དབུས་སུ། །

མགོ་ལ་དཀར་པོ་གངས་རི་སྤུབས་པ་འདྲ། །ཕྱག་ལ་གཡས་པ་ཤེས་རབ་རལ་གྲི་བསྣམས། །དམ་ཉམས་རྒྱ་འདྲེ་མགོ་ལ་ཆེམས་སེ་ཆེམས། །ཕྱག་ལ་གཡོན་པ་སྦྲུལ་གྱི་ཞགས་པ་འཛིན། །དམ་ཉམས་རྒྱ་འདྲེ་སྐེད་ལ་བཅིངས་སེ་བཅིངས། །ཁམས་པ་དབུ་ཚུགས་ཅན་གྱི་ཕོག་ས་ན། །ལུས་ལ་དཔའ་བོའི་གོ་ཁྲབ་སི་ལི་ལི། །འོག་ལ་ལྕང་ཤེས་རྟ་པོ་འཁྱུག་སེ་འཁྱུག །

གེ་སར་དགྲའི་བར་ན་ཁེངས་སེ་ཁེངས། །ལྷ་དང་སྲུང་མའི་སྐྱབས་གཏན་བཟང་སེ་བཟང་། །སངས་རྒྱས་བསྟན་པ་གོང་ལས་ལོས་ཀྱང་མཐོ། ། 


རས་ལ་རས་ཆུང་མོ། 

རས་ལ་རས་ཆུང་མོ། །ང་ཚོ་འགྲོ་བའི་ལམ་ལ། །

ཐང་གཅིག་ཆེན་པོ་འདུག་གོ །རས་ལ་རས་ཆུང་མོ། །

རས་ཆུང་ཚེ་རིང་མོ། །རས་ལ་རས་ཆུང་མོ། །

ཐང་གཅིག་ཆེན་པོར་ཡོད་རུང་། །གོམ་པ་བརྒྱབ་ནས་ལོག་འགྲོ། །

རས་ལ་རས་ཆུང་མོ། །རས་ཆུང་ཚེ་རིང་མོ། །

རས་ལ་རས་ཆུང་མོ། །ང་ཚོ་འགྲོ་བའི་ལམ་ལ། །

ཆུ་ཆེན་ཆེན་པོ་འདུག་གོ །རས་ལ་རས་ཆུང་མོ། །

རས་ཆུང་ཚེ་རིང་མོ། །རས་ལ་རས་ཆུང་མོ། །

ཆུ་ཆེན་ཆེན་པོར་ཡོད་རུང་། །ཟམ་པ་བརྒྱབ་ནས་ལོག་འགྲོ། །

རས་ལ་རས་ཆུང་མོ། །རས་ཆུང་ཚེ་རིང་མོ། །

རས་ལ་རས་ཆུང་མོ། །ང་ཚོ་འགྲོ་བའི་ལམ་ལ། །

ཤིང་གཅིག་ཆེན་པོ་འདུག་གོ །རས་ལ་རས་ཆུང་མོ། །

རས་ཆུང་ཚེ་རིང་མོ། །རས་ལ་རས་ཆུང་མོ། །

ཤིང་གཅིག་ཆེན་པོར་ཡོད་རུང་། །སྟྭ་རི་རྒྱབ་ནས་ལོག་འགྲོ། །

རས་ལ་རས་ཆུང་མོ། །རས་ཆུང་ཚེ་རིང་མོ། ། 



གེ་སར་བྱང་ལུ་འབྱོན་པའི་སྒང་།

གེ་སར་བྱང་ལུ་འབྱོན་པའི་སྒང་། །མ་འབྱོན་ཨ་ནེའི་བཀའ་མ་ཆོག །

འབྱོན་ཚེ་ཤེས་ལྕམ་ལུས་ཀྱི་འདུག །ཧིང་ཚ་བ་འདུག་གོ་ངའི་ཤེས་ལྕམ། །

ཐུགས་སྟོང་བ་འདུག་གོ་གླིང་དཀར་སྟོད། །རྒྱ་ཟ་བོད་ལུ་འབྱོན་པའི་སྒང་། །

མ་འབྱོན་ཡབ་ཀྱི་བཀའ་མ་ཆོག །འབྱོན་ཚེ་མཚོ་ལུས་ཀྱི་འདུག །

ཧིང་ཚ་བ་འདུག་གོ་ངའི་མཚོ་མཚོ། །སེམས་སྟོང་བ་འདུག་གོ་རྒྱ་ནག་ཡུལ། །

སྣང་སྲས་ཆོས་ལུ་འབྱོན་པའི་སྒང་། །མ་འབྱོན་ལས་འཕྲོ་ཆོས་ལུ་བཀོད། །

འབྱོན་ཚེ་ལྷའུ་ལུས་ཀྱི་འདུག །སེམས་འཁྲུལ་བ་འདུག་གོ་ངའི་བུ་ཆུང་། །

ཐུགས་འཁྲུལ་བ་འདུག་གོ་ངའི་རྒྱལ་པོ། །


རང་སེམས་དཀར་ཡང་མི་དཀར།

རང་སེམས་དཀར་ཡང་མི་དཀར། །དཀར་ཡོལ་ནང་གི་འོ་མ། །

གསུང་དང་སྔོན་མོ་རུ་རུ། །རི་འདི་འཇམ་དཔལ་རུ་ཟེར་ན་རི་འདི་འཇམ་དཔལ་རུ་རུ། །

རང་སེམས་འཁྲུལ་དང་མི་འཁྲུལ། །བུམ་པ་ནང་གི་ཁྲུས་ཆུ། །

གསུང་དང་སྔོན་མོ་རུ་རུ། །རི་འདི་འཇམ་དཔལ་རུ་ཟེར་ན་རི་འདི་འཇམ་དཔལ་རུ་རུ། །

རང་སེམས་ཕྲང་དང་མི་ཕྲང་། །སོ་རལ་ནང་གི་མདའ་མོ། །

གསུང་དང་སྔོན་མོ་རུ་རུ། །རི་འདི་འཇམ་དཔལ་རུ་ཟེར་ན་རི་འདི་འཇམ་དཔལ་རུ་རུ། །

རང་སེམས་བཙན་དང་མི་བཙན། །ལྡེ་མིག་ནང་གི་ཟི་རི། །

གསུང་དང་སྔོན་མོ་རུ་རུ། །རི་འདི་འཇམ་དཔལ་རུ་ཟེར་ན་རི་འདི་འཇམ་དཔལ་རུ་རུ། །

རང་སེམས་སྤྱང་དང་མི་ལྕང་། །ཨ་རིང་ནང་གི་ལྕང་མོ། །

གསུང་དང་སྔོན་མོ་རུ་རུ། །རི་འདི་འཇམ་དཔལ་རུ་ཟེར་ན་རི་འདི་འཇམ་དཔལ་རུ་རུ། ། 



རྒྱ་ནག་ལྕང་ཤིང་མི་བཙུགས། 

རྒྱ་ནག་ལྕང་ཤིང་མི་བཙུགས། །ཡ་ལ། །རྒྱ་ནག་ལྕང་ཤིང་བཙུགས། 

རྒྱ་ནག་ལྕང་ཤིང་བཙུགས་ན། །ཡ་ལ། །རྒྱ་ཡུལ་གཞུང་ལ་བཙུགས། །

རྒྱ་ཡི་གཞུང་ལ་བཙུགས་ན། །ཡ་ལ། །རྒྱ་ཡི་བསྟན་པ་དར་སོང་། །

ལྷས་ས་ལྕང་མ་མི་བཙུགས། །ཡ་ལ། །ལྷས་ས་ལྕང་མ་བཙུགས། །

ལྷས་ས་ལྕང་མ་བཙུགས་ན། །ཡ་ལ། བོད་ཀྱི་གཞུང་ལ་བཙུགས། །

བོད་ཀྱི་གཞུང་ལ་བཙུགས་ན། །ཡ་ལ། །བོད་ཀྱི་བསྟན་པ་དར་སོང་། །

འབྲུག་པ་ཙན་དན་མི་བཙུགས། །ཡ་ལ། །འབྲུག་ཏུ་ཙན་དན་བཙུགས། །

འབྲུག་ཏུ་ཙན་དན་བཙུགས་ན། །ཡ་ལ། འབྲུག་གི་གཞུང་ལ་བཙུགས། །

འབྲུག་གི་གཞུང་ལ་བཙུགས་ན། །ཡ་ལ། །འབྲུག་པའི་བསྟན་པ་དར་སོང་། ། 



ཨ་ཞེ་བསོད་ན་སྒྲོལ་མ་། 

ཨ་ཞེ་བསོད་ན་སྒྲོལ་མ་ཡ་ལ་དབའི། །སེམས་པ་སྐྱོ་རོགས་མ་བྱེད་ཡ་ལ་དབའི། །

སྐར་མ་བརྒྱ་ཤར་སྟོང་ཤར་ཡ་ལ་དབའི། །གནམ་ཁའི་སྦུག་ལ་ཤར་ཡོད་ཡ་ལ་དབའི། །

ལས་དབང་ཅན་གྱི་དཔལ་བཟང་ཡ་ལ་དབའི། །གནམ་ཁའི་མཐའ་མར་ལུས་སོང་ཡ་ལ་དབའི། །དམ་ཚིག་སྨིན་དྲུག་རྒྱལ་མོ་ཡ་ལ་དབའི། །དཔལ་བཟང་སྐྱོ་རོགས་འབད་ཤོག་ཡ་ལ་དབའི། །

མེ་ཏོག་གཅིག་ཤར་གཉིས་ཤར་ཡ་ལ་དབའི། །ལྡུམ་རའི་སྦུག་ལ་ཤར་ཡོད་ཡ་ལ་དབའི། །

ལས་དབང་ཅན་གྱི་གསེར་ཤིང་ཡ་ལ་དབའི། །ལྡུམ་རས་མཐའ་མར་ཤར་སོང་ཡ་ལ་དབའི། །དམ་ཚིག་ཧ་ལོའི་མེ་ཏོག་ཡ་ལ་དབའི། །གསེར་ཤིང་སྐྱོ་རོགས་འབད་ཤོག་ཡ་ལ་དབའི། ། 

No comments:

Post a Comment

Labels

Feelings (123) Truth (102) Values (100) Experience (96) Education (82) Life (57) Teaching (44) Human (41) Social (37) Bhutan (35) Country (29) Respect (27) Happiness (26) Failure (23) Interest (21) Love (20) Leadership (19) Culture (18) Friends (17) Dream (16) Frustration (16) National (16) Thailand (15) Achievement (14) Research (13) Family (11) Excuses (9) King (9) Politics (9) Religion (9) Fate (8) Poetry (7) Democracy (6) Examination (6) Facebook (6) Festivity (5) blogging (5) Corruption (3) Money (3) music (3) Driving (1)

Disclaimer

The thoughts expressed here are entirely my own and in no way represent the views of any individual or organisation I am associated with. This blog is my personal digital space – a canvas where the musings of my mind are shaped into narratives – keeping me engaged while serving as an archive for future reflections. These writings are, therefore, purely personal, and readers are urged to approach them with discretion. Unless explicitly stated, any resemblance to real people, places, or events is purely coincidental. I accept no liability for any consequences arising from the use or misinterpretation of the content on this page unless prior written consent has been granted. Regarding visuals, credit is always attributed to their rightful sources. Those wishing to use any images found here are encouraged to trace back to the original source and provide appropriate acknowledgment.

Copyright (C)

Copyright © 2012-2025 Dumcho Wangdi. All Rights Reserved

 
 
Blogger Templates