Social Icons


PRAYERS

རྒྱལ་པོའི་བརྟན་བཞུགས། | National Anthem of Bhutan

འབྲུག་ཙན་དན་བཀོད་པའི་རྒྱལ་ཁབ་ནང་། 

དཔལ་ལུགས་གཉིས་བསྟན་སྲིད་སྐྱོང་བའི་མགོན། 

འབྲུག་རྒྱལ་པོ་མངའ་བདག་རིན་པོ་ཆེ། 

སྐུ་འགྱུར་མེད་བརྟན་ཅིང་ཆབ་སྲིད་འཕེལ། 

ཆོས་སངས་རྒྱས་བསྟན་པ་དར་ཞིང་རྒྱས། 

འབངས་བདེ་སྐྱིད་ཉི་མ་ཤར་བར་ཤོག 


༄༅།།འབྲུག་གི་ཆོས་རྒྱལ་༧དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་བརྟན་བཞུགས།།                                   

Long Life Prayer for His Majesty the 4th King of Bhutan


ཨོཾ་སྭསྟི། །ངོ་བོ་ཀ་དག་ཆོས་སྐུ་འོད་དཔག་མེད། 

རང་བཞིན་ལྷུན་གྲུབ་ལོངས་སྐུ་སྤྱན་རས་གཟིགས། 

ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་པདྨ་འབྱུང་། 

སྐུ་གསུམ་རྒྱལ་བས་དེང་འདིར་ཤིས་པ་སྩོལ། 

ཤམྦྷ་ལ་རུ་རིགས་ལྡན་པད་དཀར་འཛིན། 

ཁ་བ་ཅན་དུ་སྲོང་བཙན་སྒམ་པོའི་ཞབས། 

ཞིང་འདིར་དཔལ་ལྡན་འབྲུག་པ་བདུད་འཇོམས་རྗེ། 

སྙིང་ནས་དྲན་ནོ་བྱང་ཆུབ་བར་དུ་སྐྱོངས། 

གང་གི་གསང་གསུམ་སྒྱུ་འཕྲུལ་བསམ་ཡས་ཀྱང་། 

ལྗོངས་འདིའི་འགྲོ་ལ་རྗེས་སུ་ཆགས་པའི་དཔྱིད། 

སླར་ཡང་འོ་མའི་གྲོང་གི་ཤར་རིའི་རྩེར། 

གཟུགས་སྐུའི་ཉིན་བྱེད་འཆར་འདི་ཨེ་མ་ཧོ། 

དེས་ན་འཇིགས་མེད་བརྟུལ་ཞུགས་རབ་འཆང་ཞིང་། 

མི་ཡི་སེངྒེའི་རྣམ་རོལ་ས་ཡི་ལྷ། 

དབང་ཕྱུག་ཆེན་པོའི་དཔལ་གྱིས་མཛེས་བཞིན་དུ། 

རྡོ་རྗེའི་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་ཤོག 

ལུགས་གཉིས་ཁྲིམས་ཀྱི་སྣང་བ་ཆེས་འབར་བས། 

མི་མཐུན་རྒུད་པའི་སྨག་རུམ་ཀུན་བསལ་ནས། 

བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ། 

རང་དབང་སྤྱོད་པའི་དུས་ལས་ཡོལ་མེད་ཤོག 

དཔལ་ལྡན་འབྲུག་པའི་འཕྲིན་ལས་རྣམ་བཞི་ཡིས། 

བསྐྱངས་པའི་སྨན་ལྗོངས་འབྲུག་གི་རྒྱལ་ཁམས་འདིར། 

དཔལ་ལྡན་འབྲུག་པའི་ཆབ་སྲིད་དགུང་དུ་ཕྱུར། 

གྲགས་པའི་དབྱངས་སྙན་འབྲུག་ལྟར་སྒྲོགས་པར་ཤོག 

བདག་སོགས་རྗེ་བློན་འབངས་འཁོར་བཅས་པ་རྣམས། 

སྐྱེ་བ་འདི་དག་ཚེ་རབས་གཞན་དག་ཏུ། 

ལས་སྨོན་བཟང་པོས་གཅིག་ཏུ་འབྲེལ་བ་ཡིས། 

རྔ་ཡབ་དཔལ་རིའི་ཞིང་དུ་བགྲོད་པར་ཤོག 

རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། 

ཆོས་ཅན་ཆོས་ཉིད་ཟབ་མོའི་བདེན་པའི་སྟོབས། 

བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས།

ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་ཤོག། 

ཅེས་ཚིགས་བཅད་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་འདི་ཡང་མི་དབང་འཇིགས་མེད་སེངྒེ་མཆོག་ལ་སྔར་ནས་སར་གནས་སེམས་དཔའ་ཞིག་གི་སྤྲུལ་པ་ཡིན་པའི་འདུ་ཤེས་ཡོད་པའི་ཁར་ ད་ཆར་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་སྐུ་ འཇིགས་མེད་བསྟན་འཛིན་དབང་པོ་དེ་ཉིད་ཀྱིས། སྔོན་གནས་རྗེས་དྲན་གསུང་གིས་ མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་རོལ་དུ་གསལ་བར་སྟོན་པ་མ་ཟད། དེ་ལྟར་ ངེས་པའི་རྒྱུ་མཚན་གཞན་ཡང་མང་དུ་མཐོང་བའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་ ལྷོ་ནང་སྐྱེ་འགྲོའི་བདེ་སྐྱིད་གོང་དུ་འཕེལ་བའི་རྟེན་འབྱུང་དུ་དམིགས་ཏེ། གང་གི་ཐུགས་རྗེའི་འོག་ཏུ་འཚོ་བའི་འབྲུག་ཆོས་སྲིད་མངའ་སྡེ་ཡོངས་ཀྱི་མགྲིན་ཚབ་ཏུ་ མཁན་རབས་བདུན་ཅུ་པའི་མིང་ཙམ་འཛིན་པ་འཇིགས་མེད་ཆོས་ཀྱི་གྲགས་པས་ གནམ་ལོ་ས་ཡོས་ཆོ་འཕྲུལ་ཟླ་བ་དང་པ་ཡར་ཚེས་བཅོ་ལྔའི་ཉིན་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་ སྙིང་ནས་སྨོན་པ་དགེ་ལེགས་སུ་གྱུར་ཅིག།


༄༅།།འབྲུག་གི་ཆོས་རྒྱལ་༧ལྔ་པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་བརྟན་བཞུགས།                                  

Long Life Prayer for His Majesty the King of Bhutan

ཨོཾ་སྭསྟི། །དཀོན་མཆོག་རྩ་གསུམ་སྐྱབས་གནས་རྒྱ་མཚོ་ཡིས། 

དགེ་ལེགས་རྟེན་འབྱུང་དམ་པའི་མཆོག་སྩོལ་བས། 

ས་སྐྱོང་འཇིགས་མེད་གེ་སར་མཚན་ཅན་གྱི། 

སྐུ་ཚེ་ཡུན་བརྟན་མངའ་ཐང་རྒྱས་པར་ཤོག 

བཅོམ་ལྡན་ཐུགས་རྗེའི་དབང་ཕྱུག་ཆེན་པོ་ཡིས།

བྱིན་རླབས་བདུད་རྩིའི་ཆར་རྒྱུན་རྣམ་ཀུན་ཕབ།

མི་དབང་ཆོས་རྒྱལ་དམ་པའི་སྐུ་ཚེ་བརྟན།

ཆབ་སྲིད་མངའ་ཐང་དར་ཞིང་རྒྱས་པར་ཤོག།

སྙིགས་དུས་འགྲོ་མགོན་པདྨ་ཀཱ་ར་ཡིས། 

འཆི་མེད་བདེ་ཆེན་གྲུབ་པའི་མཆོག་སྦྱིན་པས།

མི་དབང་ཆོས་རྒྱལ་དམ་པའི་སྐུ་ཚེ་བརྟན།

ཆབ་སྲིད་མངའ་ཐང་དར་ཞིང་རྒྱས་པར་ཤོག

སྐྱབས་མགོན་ངག་དབང་རྣམ་པར་རྒྱལ་བ་ཡིས། 

གསང་གསུམ་རྡོ་རྗེའི་དབང་བསྐུར་མི་བསླུ་བས། 

མི་དབང་ཆོས་རྒྱལ་དམ་པའི་སྐུ་ཚེ་བརྟན།

ཆབ་སྲིད་མངའ་ཐང་དར་ཞིང་རྒྱས་པར་ཤོག།

ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་འཕེལ།

རྒྱལ་བློན་འབངས་འཁོར་དམ་གཙང་མཐུན་འབྲེལ་ཟབ།

བདེ་སྐྱིད་ཕུན་ཚོགས་དཔལ་ཡོན་དགུང་དུ་འཕྱུར།

ལྗོངས་འདི་འཛམ་གླིང་ཀུན་གྱི་རྒྱན་འགྱུར་ཤོག །

ཅེས་རབ་འབྱུང་བཅུ་བདུན་པའི་ས་ཕོ་བྱི་བའི་ལོར་མི་དབང་རིན་པོ་ཆེ་༧འབྲུག་རྒྱལ་ལྔ་པའི་གསེར་ཁྲིར་མངའ་གསོལ་ཞུ་སྐབས་འབྲུག་གཞུང་གྲྭ་ཚང་ཡོངས་ཀྱི་མགྲིན་ཚབ་ཏུ་གཙུག་ལག་སློབ་མིང་བསམ་གཏན་རྡོ་རྗེས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།

རྒྱལ་གླུ། | National Song of Bhutan

འབྲུག་་་ ཙན་དན་བཀོད་པའི་རྒྱལ་ཁབ་ནང་། །དགྲ་ཡི་ཕྱོགས་ལས་རྣམ་པར་རྒྱལ། །ཆོས་སྲིད་གཉིས་ཀྱི་ལོངས་སྤྱོད་ལྡན། ། དགའ་བ་འདུག་གོ །སྐྱིད་པ་འདུག་གོ །སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་། །མངའ་འབངས་བདེ་སྐྱིད་ཉི་མ་ཤར། །དགའ་ཉམས་སྐྱིད་ཉམས་སྤྲོ་ཉམས་འདུག །

དཔལ་་་ མི་དབང་མངའ་བདག་རྒྱལ་པོ་མཆོག །གདུང་བརྒྱུད་གཏེར་ཆེན་པད་གླིང་བརྒྱུད། །མི་དབང་འཇིགས་མེད་གེ་སར་འཁྲུངས། །དགའ་བ་འདུག་གོ །སྐྱིད་པ་འདུག་གོ །མི་དབང་ཆོས་ཀྱི་རྒྱལ་པོ་མཆོག །ཐུགས་རྒྱུད་བཟང་བ་བྱང་ཆུབ་སེམས།། མཛད་སྤྱོད་བཟང་བ་ཕན་བདེ་ཆེ། །

ལུང་་་ བསྟན་གྱི་མི་དབང་གེ་སར་མཆོག །ན་གཞོན་དགའ་སྤྲོའི་ལོངས་སྤྱོད་དུས། །བརྒྱུད་འཛིན་ལྔ་པའི་གསེར་ཁྲིར་བྱོན།། དགའ་བ་འདུག་གོ །སྐྱིད་པ་འདུག་གོ །ཁ་བཞི་འབྲུག་པའི་མི་སེར་ལུ། །རྣམ་པར་དཀར་བའི་ཐུགས་བཞེད་ཀྱིས། །རིས་མེད་འབངས་རྣམས་བུ་བཞིན་སྐྱོང་། །

ཕྱི་་་ རྒྱལ་ཁབ་གཞན་དང་མཐུན་ལམ་མཛད། །ནང་གི་མི་སེར་བྱམས་ཀྱིས་སྐྱོང་། །ཡར་རྒྱས་རྩ་བ་གོང་དུ་འཕེལ། །དགའ་བ་འདུག་གོ །སྐྱིད་པ་འདུག་གོ །མི་དབང་ཆོས་ཀྱི་རྒྱལ་པོ་མཆོག། དམ་ཚིག་ཆེ་བའི་འབངས་འཁོར་རྣམས། །རྗེས་སུ་ཡི་རངས་ཆེ་དགོ་པས། །

འབངས་་་ མི་སེར་ཆེ་བ་ཆུང་བ་རྣམས། །ཐ་དང་དམ་ཚིག་མ་ཆུང་བར། །རྩ་བ་གསུམ་ལུ་ཕྱག་ཕྱིད་ཞུ། །དགའ་བ་འདུག་གོ། སྐྱིད་པ་འདུག་གོ །སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་། ། གཞུང་དང་མི་སེར་མཐུན་ལམ་ཆེ། །འགྱུར་མེད་བརྟན་ཅིང་འཕེལ་བར་ཤོག །

ཡར་་་ དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །རྩ་གསུམ་ལྷ་ཡི་བྱིན་རླབས་ཀྱིས། །མངའ་འབངས་བདེ་སྐྱིད་ལྡན་པར་ཤོག། དགའ་བ་འདུག་གོ །སྐྱིད་པ་འདུག་གོ །སངས་རྒྱས་བསྟན་པ་དར་བའི་ཡུལ། །སྡོད་ན་དམ་པའི་ཆོས་དང་མཇལ། །བདེ་བ་ཐོབ་པའི་རང་དབང་ཡོད། །

འཛོམས་་་ མཐའ་དབུས་མེད་པའི་མི་སེར་དང་། །ཡོན་ཏན་སྦྱང་མི་ན་གཞོན་ཚུ། །འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུ། ། དགའ་བ་འདུག་གོ །སྐྱིད་པ་འདུག་གོ །དགའ་བའི་དགའ་སྟོན་འདི་ནང་ལུ། །དད་དམ་ཅན་གྱི་འབངས་རྣམས་ཀྱིས། །སྐུ་ཚེ་ཞབས་པད་བརྟན་སྨོན་ཞུ། །

No comments:

Labels

Feelings (114) Truth (91) Values (90) Experience (86) Education (72) Life (54) Teaching (38) Human (37) Social (35) Bhutan (31) Country (28) Respect (26) Happiness (23) Leadership (19) Love (18) Culture (17) Failure (17) Friends (15) Interest (15) National (15) Thailand (15) Dream (14) Frustration (12) Achievement (10) Family (10) King (9) Religion (9) Fate (8) Politics (8) Poetry (7) Research (7) Democracy (6) Excuses (6) Facebook (5) Festivity (5) blogging (5) Corruption (3) Examination (3) music (3) Money (2) Driving (1)

Copyright (C)

Copyright © 2012- Dumcho Wangdi. All Rights Reserved

 
 
Blogger Templates